Sunday, December 12, 2010

Offering Mandala to H.H. Karmpa on Grand Yearend Karmapa 900 Celebration













༈ ཁམས་གསུམ་འགྲོ་བ་ཡོངས་ཀྱི་གཙུག་ནོར་འཛམ་གླིང་བསྟན་པ་སྤྱི་དང་། བྱེ་བྲག་སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་མངའ་བདག་༧་སྐྱབས་མགོན་རྒྱལ་བའི་དབང་པོ་༧དཔལ་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་གི་དབུས་བཀའ་བརྒྱུད་རྒྱལ་བ་ཡབ་སྲས་ལྷན་རྒྱས་དང་། འགྲོ་བ་ལྷ་དང་བཅས་པའི་བསོད་ནམས་ཀྱི་ཞིང་མཆོག་བླ་ན་མ་མཆིས་པ་སྐྱབས་གནས་འཕགས་ཚོགས་འདུས་པ་རིན་པོ་ཆེ་མཆོག་གི་ཞབས་པད་དགེ་ལེགས་ཀྱི་འདབ་སྟོང་བཞད་པའི་ཁྲིའི་དྲུང་དུ།

སྒོ་གསུམ་རབ་གུས་དྭངས་བས་སོར་བཅུ་འདབ་ཟུང་སྤྱི་བོར་བཀོད་དེ་ལྷ་ཕྱག་གྲངས་མེད་དང་བཅས་ཏེ་ཞུ་གསོལ་འདེབས་སྙིང་།

དེང་འདིར་གནས་དུས་སྟོན་འཁོར་ཕུན་སུམ་ཚོགས་པའི་དགེ་ལེགས་ཀྱི་ལམ་ཡངས་པོར་ཕྱེ་སྟེ། སྒྲུབ་བརྒྱུད་རིན་པོ་ཆེ་ཀརྨ་ཀཾ་ཚང་གི་བསྟན་པའི་སྲོལ་འབྱེད་ཆེན་པོ་རྒྱལ་མཆོག་དུས་གསུམ་མཁྱེན་པ་ཞེས་མཚན་སྙན་སྲིད་ཞིའི་ཞིང་དུ་གཟི་འོད་འབུམ་གྱི་སྣང་བ་བཀྲ་ཞིང་། གངས་ཅན་ལྗོངས་སུ་སྤྲུལ་པའི་སྐུ་ཡི་རྣམ་རོལ་ཐོག་མར་བྱོན་པ་ནས་ད་བར་མི་ལོ་དགུ་བརྒྱ་ཧྲིལ་པོར་འཁོར་བ་དང་སྟབས་བསྟུན། ༧རྒྱལ་མཆོག་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་ཆེན་པོ་མཆོག་གི་བཞེས་དགོངས། དུས་རབས་གསར་པའི་གོམ་སྟབས་མཛད་རྗེས་བླ་ན་མེད་པའི་ཕྲིན་ལས་ཀྱི་སྣང་བ་ཡངས་པོར་གསལ་བའི་བཀའ་དྲིན་ནི། སྟོང་གསུམ་ཕུལ་ཀྱང་གཞལ་བར་མི་ནུས་པ་སྟེ། ཀརྨ་པ་དགུ་བརྒྱའི་དུས་དྲན་གྱི་ངོ་སྤྲོད་ལས། སྔོན་བྱོན་དམ་པ་རྣམས་ཀྱི་ཕྱག་རིས་བཞག་པ་བཟང་པོའི་རྗེས་ཤུལ་མི་ནུབ་པའི་བྱས་ཤེས་དྲིན་གཟོ་དང་། ཕྱི་རབས་པ་རྣམས་ཀྱི་མིག་དཔེ་ཡར་འདྲེན་ཡོང་སླད་ཀརྨ་པ་དགུ་བརྒྱའི་དུས་དྲན་སྲུང་བརྩི་ཞུ་བ་ནི་ཆོས་འཇིག་རྟེན་གང་ཐད་ནས་འོས་ཤིང་མཚམས་ལ་ཡ་རབས་དྲ་མའི་སྤྱོད་ཚུལ་ཞིག་ཀྱང་ཡིན་པས་ཕྱི་ལོ་༢༠༡༠་ཟླ་༡༢་པའི་ཚེས་༨་ནས་བཟུང་ལོ་འཁོར་གཅིག་ཧྲིལ་པོར་དུས་དྲན་གྱི་མཛད་སྟོན་གནས་མཆོག་རྡོ་རྗེ་གདན་ནས་དབུ་བཙུགས་ཏེ་འཛམ་གླིང་ས་གནས་གང་སར་བསྐྱངས་གཏན་འཁེལ་བ་ལགས་སོ། །ཞེས་གསུངས་སོ། །དེས་ན་ཇི་སྐད་དུ། གང་ཞིག་བླ་མ་འདས་པའི་ལོ་ཟླའི་གྲངས། །ཡོངས་སུ་བཟུང་ནས་མཆོད་འབུལ་སུས་བྱེད་པ། །རིང་པོར་མི་ཐོགས་འཁོར་གྱི་ཐོག་མ་རུ། །སྐྱེ་ནས་འགྲོ་བའི་དེད་དཔོན་བྱེད་པར་གྱུར། །ཞེས་གསུངས་པ་ལྟར། དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་ཕྲིན་ལས་རྗེས་སུ་དྲན་པ་ནི་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་འབྱུང་བའི་གཞི་མ་ཡིན་པ་གསུངས་དོན་བཞིན། དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་དང་པོ་དཔལ་ལྡན་དུས་གསུམ་མཁྱེན་པ་ཁམས་ཏྲེ་ཤོད་དུ་སྐུ་འཁྲུངས་ནས་མི་ལོ་དགུ་བརྒྱ་ཧྲིལ་པོར་འཁོར་བའི་རྗེས་དྲན་མཛད་སྒོ་བླ་ན་མེད་པ་བསྐྱངས་པའི་སྐབས་འདིར། སྐུ་རྟེན་དུ། རྒྱལ་བ་རྡོ་རྗེ་འཆང་། གྲུབ་ཆེན་ཏཻ་ལོ་པ། པཎ་ཆེན་ནཱ་རོ་པ། མར་པ་ལོ་ཙཱ་བ། རྗེ་བཙུན་མི་ལ་རས་པ། མཉམ་མེད་སྒམ་པོ་པ། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་དང་པོ་དཔལ་ལྡན་དུས་གསུམ་མཁྱེན་པ་ནས་རྒྱལ་མཆོག་བཅུ་དྲུག་པ་རང་བྱུང་རིག་པི་རྡོ་རྗེ་བར་དུ་བྱོན་པའི་བཀའ་བརྒྱུད་གསེར་ཕྲེང་གི་སྐུ་བརྙན་ཟངས་གསེར་བཀྲ་མ་སྐུ་གྲངས་བཞི་བཅུ་ཞེ་གཅིག །གསུང་རྟེན་དུ། གཞུང་ཆེན་བཀའ་པོད་ལྔ་ཡི་ཀར་ཊིཀ་ཆེན་མོ་སོགས་ལེགས་བཤད་གླིང་གིས་པར་བསྐྲུན་ཞུས་པའི་དེབ་ཕྲེང་ཆ་ཚང་རེ། ཐུགས་རྟེན་དུ། ཟངས་གསེར་བཀྲ་མའི་མཆོད་རྟེན་བཅས། གུས་འབངས་ཇར་མན་ནི་ནས་ཨིས་ཊི་ཕན་ཨིས་ཊོརོམ་Stephan Strom from Germany དང་ཀརྨ་ལེགས་བཤད་གླིང་འདུས་སྤྱི་ཐུན་མོང་ནས་མེ་ཏོག་མཆོད་རྫས་སུ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལམ་ཞུས་པ་ལགས་ན། རྒྱལ་བསྟན་སྤྱི་དང་བྱེ་བྲག་གི་བསྟན་པ་རིན་པོ་ཆེ་འདི་ཉིད་འཇིག་རྟེན་གྱི་ཁམས་སུ་དར་རྒྱས་ཡུན་རིང་གནས་པ་དང་། རྒྱལ་ཀུན་ཕྲིན་ལས་གཅིག་ཏུ་འདུས་པའི་རང་གཟུགས། ༧སྐྱབས་མགོན་རྒྱལ་བའི་དབང་པོ་དཔལ་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་དང་། བྱམས་མགོན་རྡོ་རྗེ་འཆང་ཀན་ཏིང་ཏཱ་ཡི་སི་ཏུ་མཆོག་དང་། སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ་རྣམ་པ་དབུས་རིས་མེད་ཀྱི་བསྟན་འཛིན་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་ཅིང་གསང་གསུམ་མཛད་ཕྲིན་རྒྱས་པ་དང་། དགེ་འདུན་གྱི་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་བཤད་སྒྲུབ་འཆད་ཉན་སོགས་དབྱར་མཚོ་ལྟར་འཕེལ་ཞིང་རྒྱས་པ་དང་། ཡངས་པའི་རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུག་རྩོད་སོགས་སྙིགས་ལྔའི་རྒུད་ཚོགས་མཐའ་དག་ཞི་ནས་ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་རྒྱས་པ་སོགས་མདོར་ན་འཕྲལ་ཡུན་ཀུན་ཏུ་ཞི་བདེའི་དཔལ་དུ་ལོངས་སྤྱོད་པ་དང་། ལྷག་པར་དུ་བསྟན་པའི་སྦྱིན་བདག་རྣམས་ཀྱི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ལེགས་ཚོགས་འཕེལ་བའི་ཐུགས་སྨོན་སྐྱབས་འཇུག་བརྩེ་བས་གཟིགས་པ་མཁྱེན་མཁྱེན་མཁྱེན།

ཞེས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས།

No comments:

Post a Comment